སྡེ་ཚན་གཉིས་ཀྱིས“ལྔ་གཅིག”གི་གུང་གསེང་སྔ་རྗེས་ཀྱི་བདེ་འཇགས་དོགས་ཟོན་གྱི་གཙོ་གནད་ལས་དོན་ལ་བཀོད་སྒྲིག་བྱས་པ།

ཡོང་ཁུངས། ཞིན་ཧྭ་དྲ་བ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས28ཉིན་གསར་འགོད་པས་འཕྲལ་སྡོམ་དོ་དམ་པུའུ་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཉེ་ཆར་རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཨུ་ལྷན་གཞུང་དོན་ཁང་དང་འཕྲལ་སྡོམ་དོ་དམ་པུའུ་ཡིས་རྒྱལ་ཡོངས་བདེ་འཇགས་དོགས་ཟོན་ལས་དོན་གྱི་བརྙན་ལམ་བཀོད་གཏོང་ཚོགས་འདུ་འཚོགས་ནས། “ལྔ་གཅིག”གི་གུང་གསེང་སྔ་རྗེས་ཀྱི་བདེ་འཇགས་དོགས་ཟོན་གྱི་གཙོ་གནད་ལས་དོན་སྔར་བས་ཡག་པོར་བསྒྲུབས་ནས། བདེ་འཇགས་ཀྱི་ཉེན་ཁ་སྣ་ཚོགས་འགོག་སེལ་ནུས་ལྡན་བྱས་ཏེ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་དང་སྤྱི་ཚོགས་གཏན་འཇགས་ལ་དངོས་གནས་སྲུང་སྐྱོབ་བྱེད་དགོས་པར་ནན་གྱིས་བསྟན།

ཚོགས་འདུའི་ཐོག“ལྔ་གཅིག”གི་གུང་གསེང་གི་སྔ་གཞུག་ནི་སྔར་ནས་བཟུང་ལས་འཛོལ་ཐོན་སླ་བའི་དུས་ཤིག་རེད། ད་ལོར་ས་གནས་མང་པོའི་སློབ་གྲྭ་འབྲིང་ཆུང་གི་དཔྱིད་ཀའི་གུང་གསེང་དང“ལྔ་གཅིག”གི་གུང་གསེང་མཉམ་དུ་ཁེལ་ཡོད་པས། གུང་གསེང་གི་དུས་ཚོད་དེ་བས་རིང་ཞིང་། གཅིག་སྡུད་ཐོག་ཕྱིར་སྐྱོད་དང་། མི་ཚོགས་མང་བའི་ས་ཆ། ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན། ཆུ་འབྲུབ་དུས་ཀྱི་གནོད་འཚེ་སོགས་འབུར་ཐོན་གྱི་ཉེན་ཁ་སྣ་ཚོགས་ལ་མཉམ་འཇོག་བྱེད་དགོས་པར་བསྟན།

ཚོགས་འདུའི་ཐོག་སྤྱི་པའི་བདེ་འཇགས་ཀྱི་ཉེན་ཁ་དོ་དམ་ཚོད་འཛིན་ལ་དམ་འཛིན་ནན་མོ་བྱེད་དགོས། ཕྱོགས་བསྡུས་སྒྲིག་གཞི་ཆེ་གྲས་དང་། བཟའ་བཏུང་ཞག་སྡོད་། ཡུལ་སྐོར་མཛེས་ལྗོངས་ཁུལ། རྒན་གསོའི་སྒྲིག་གཞི་སོགས་མི་སྣ་མང་འདུས་བྱེད་ས་དང་། གནའ་བོའི་གྲོང་རྡལ་དང་གནའ་བོའི་གྲོང་ཚོ། གནའ་བོའི་འཛུགས་སྐྲུན་བཅས་ཀྱི་མེ་ཟོན་བདེ་འཇགས་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་སྟེ། གཙོ་གནད་ལམ་དུམ་གྱི་སྐོར་ཞིབ་ཐེངས་གྲངས་མང་དུ་གཏོང་བ་དང་། མཛེས་ལྗོངས་ཁུལ་གྱི་ཉེན་ཁ་ཆེ་བའི་རྣམ་གྲངས་ཀྱི་བདེ་འཇགས་རྐྱེན་ངན་ལ་རྩད་ཞིབ་བྱས་ནས་འགོག་ཟོན་བྱེད་ཐབས་གཟབ་ནན་གྱིས་དངོས་འབེབས་བྱེད་དགོས་པར་ནན་གྱིས་བསྟན།

གཙོ་གནད་ས་ཁུལ་གྱི་ཆར་ཆུ་དང་ཆུ་འབྲུབ་པའི་གནས་ཚུལ་ལ་ལྟ་ཞིབ་ཚད་ལེན་དང་སྔོན་བརྡའི་ཉེན་བརྡ་གཏོང་རྒྱུར་ཤུགས་སྣོན་བརྒྱབ་སྟེ། འབྲུབ་འགོག་དང་འབྲུབ་འགོག་གྲ་སྒྲིག་ལ་ཞིབ་བཤེར་ཏན་ཏིག་བྱས་ནས། གཞི་རིམ་གྱི་འབྲུབ་འགོག་སྟོབས་ཤུགས་ཆེ་རུ་གཏོང་རྒྱུར་སྐུལ་འདེད་བཏང་སྟེ། འབྲུབ་འགོག་བྱེད་ཐབས་ཁག་དོན་འཁྱོལ་ཞིབ་ཕྲ་བྱེད་དགོས། ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་ལ་ནུས་ཤུགས་ཡོད་རྒུས་སྔོན་འགོག་ཚོད་འཛིན་བྱས་ཏེ། སྒྲིག་ཆས་དང་དངོས་རྫས། སྟོབས་ཤུགས་བཅས་སྔོན་བཀོད་བྱེད་དགོས། འཕྲལ་སྡོམ་ཐག་གཅོད་ནུས་ལྡན་ངང་དམ་འཛིན་ཡག་པོ་བྱེད་པ་དང་། ལས་རེས་ཀྱི་བླང་བྱ་གཟབ་ནན་དུ་གཏོང་བ། ལས་སྒྲུབ་དམག་འཐབ་གྲ་སྒྲིག་དང་དུས་ཆེན་གྱིི་ལྐོག་བཤེར་ཇེ་དྲག་ཏུ་གཏོང་དགོས།  །

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།