ཏང་འཛུགས་སྐྲུན་གྱིས་གཞི་རིམ་བཅོས་སྐྱོང་ལ་སྣེ་ཁྲིད་གཏིང་ཟབ་ཏུ་བྱེད་པ་དང་བསགས་སྐར་ལམ་ལུགས་ཀྱིས་ལས་བྱེད་པ་དང་མང་ཚོགས་ཟབ་ཞུགས་དང་སྤྲོ་སྣང་སྐུལ་སློང་བྱེད་ཆེད། ཟླ4པའི་ཚེས28ཉིན། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གཅིག་སྒྲིལ་རྫོང་ཏང་ཨུའི་སྤྱི་ཚོགས་ལས་དོན་པུའུ་ཡིས་ཚོད་ལྟས་འཛུགས་སྐྲུན་བྱས་པའི་གཅིག་སྒྲིལ་རྫོང་དྲུག་ཆེན་སུམ་མདོ་གྲོང་རྡལ་ལྷོ་སྐོར་ལམ་སྡོད་ཁུལ་གྱི“བསགས་སྐར་སྒོ་རྩིས་ཚོང་ཁང”དངོས་སུ་སྒོ་ཕྱེ་བ་དང་། རྫོང་ཏང་ཨུའི་སྤྱི་ཚོགས་ལས་དོན་པུའུ་དང་དྲུག་ཆེན་སུམ་མདོ་གྲོང་རྡལ་སྲིད་གཞུང་གི་འབྲེལ་ཡོད་འགན་ཁུར་བློ་མཐུན་མཛད་སྒོ་ཞུགས་པར་མ་ཟད། “བསགས་སྐར་སྒོ་རྩིས་ཚོང་ཁང”གི་སྒོ་བྱང་བཀལ་ཞིང་། སྡོད་ཁུལ་གྱི“ཨུ་ཡོན་གཉིས”དང་ཏང་ཡོན་འཐུས་ཚབ་པ། སྡོད་དམངས་འཐུས་ཚབ་པ། ཚོང་ཁང་དང་སྡེ་ལས། མངགས་ཟས་མྱུར་སྐྱེལ་བཅས་ཀྱི་འཐུས་ཚབ་པ་རྣམས་མཛད་སྒོར་ཞུགས།
མཛད་སྒོའི་སྟེང་། སྡོད་ཁུལ་གྱི་འགན་ཁུར་མི་སྣས་ཞིབ་ཚགས་ལྡན་པའི་སྒོ་ནས་བསགས་སྐར་སྒོ་རྩིས་ཚོང་ཁང་གི་ཚོང་གཉེར་ཇུས་གཞི་འགྲེལ་བཤད་བྱས་ཏེ། “བསགས་སྐར་གཅིག་ནི་སྒོར་གཅིག་གི་རིན་དོད་ཡིན་པའི”བསགས་སྐར་བརྗེ་སྲོལ་ཁ་གསལ་བཟོས་པ་དང་། བསགས་སྐར་འཐོབ་པ་དང་གསོག་པ། སྤྱི་སྒྲོག བརྗེ་ལེན་བཅས་ཀྱི་གོ་རིམ་ཧྲིལ་པོར་ཚད་གཞི་དང་ལྡན་པར་བཟོས། བསགས་སྐར་དེ་སྤྱི་ཆིངས་ལག་ལེན་དང་། དང་བླངས་ཞབས་ཞུ། ཁོར་ཡུག་བཅོས་སྐྱོང་། སྲིད་ཇུས་དྲིལ་སྒྲོག འགལ་བ་འདུམ་སྒྲིག དམངས་འདོད་ཡར་ཞུ། གཟི་བརྗིད་གཟེངས་བསྟོད། དོན་བཟང་ཧུར་སྒྲུབ་སོགས་ཀྱི་ནང་དོན་དུ་ཁེབས་པར་བྱས་ནས། སྒྲིག་སྲོལ་ལྟར་སྐར་མ་བསགས་ཆོག་ལ་མེད་པར་མི་བཟོ་བ་ཁ་གསལ་བཟོས་ཤིང་། དངུལ་དམར་དུ་མི་བརྗེ་བ་དང་ཁྱིམ་ཚང་གི་འཚོ་བའི་མཁོ་དངོས་ལ་བརྗེ་བའི་ཐད་སྤྱོད་པ་དང་། དུས་ཚིགས་རེ་རེར་བསགས་སྐར་སྤྱི་སྒྲོག་དང་གཅིག་བསྡུས་བརྗེ་ལེན་བྱེད་པ། གོ་རིམ་ཡོངས་སུ་དྲང་གཞག་ཁ་གསལ་ཡོང་བར་བྱེད་ཅིང་ལྟ་སྐུལ་དང་ལེན་བྱེད་པ། འགུལ་སྐྱོད་མི་བདེ་བའི་མང་ཚོགས་ཀྱིས་སྔོན་ལ་ཞབས་ཞུ་ཁྱིམ་དུ་སྐྱེལ་བའི་གྲོས་དན་བྱས་ཆོག་པར་བྱས་ཏེ། མང་ཚོགས་བཅོས་སྐྱོང་ཁྲོད་ཞུགས་ནས་དམངས་འཚོའི་ཕན་ཁེ་ངོ་མ་རེག་ཏུ་འཇུག་ཐུབ་པ་གསལ་འགྲེལ་བྱས།
དྲང་ཕྱོགས་ཀྱི་ཡར་སྐུལ་བརྒྱུད་ནས། སྡོད་ཁུལ་གྱི་ལས་བྱེད་པ་དང་། ཏང་ཡོན། སྡོད་དམངས། ལས་རྣམ་གསར་པའི་མི་ཚོགས་སོགས་ཕྱོགས་མང་པོའི་སྟོབས་ཤུགས་ཀྱི་ཟབ་ཞུགས་དང་ཧུར་བརྩོན་རང་བཞིན་སྐུལ་སློང་བྱས་ནས། ཚང་མ“ང་རང་ཞུགས་དགོས་ཀྱི་འདུག”ནས“ང་རང་ཞུགས་རྒྱུ་ཡིན”པར་འགྱུར་བ་དང་། “ལྟད་མོ་པ”ནས“གཙོ་ཤུགས”སུ་འགྱུར་བར་བྱས་པས། ཏང་ཡོན་གྱིས་སྣེ་ཁྲིད་ནས་སྒྲུབ་པ་དང་། མང་ཚོགས་ཀྱིས་སྒྲུབ་གང་ཐུབ་བྱེད་པ། མི་ཚང་མས་བྱས་འབྲས་བརྩོན་པའི་རྣམ་པ་བཟང་པོ་ཆགས་པར་བྱས་ཏེ། གཞི་རིམ་བཅོས་སྐྱོང་དེ“ལྟ་མཁན་མེད་པའི་འཁྲབ་སྟོན”ཙམ་ནས་དམངས་ཡོངས་ཞུགས་པའི“མཉམ་ལེན་ཆེན་པོ”རུ་འགྱུར་བ་བྱུང་ཡོད།
ཐེངས་འདིའི་བསགས་སྐར་སྒོ་རྩིས་ཚོང་ཁང་གི་སྒོ་བྱང་བཀལ་ནས་ཚོང་གཉེར་བྱས་པ་ནི། རྫོང་ཨུའི་སྤྱི་ཚོགས་ལས་དོན་པུའུ་ཡིས་བསགས་སྐར་ཆུང་ངུ་ཡིས་བཅོས་སྐྱོང་ཆེན་པོར་སྐུལ་བའི་གསར་སྐྲུན་གྱི་ལག་ལེན་ཞིག་ཡིན་པ་དང་། ཞབས་ཞུ་བསགས་སྐར་དུ་བརྗེ་བ་དང་། བསགས་སྐར་དངོས་རྫས་ལ་བརྗེ་བ་ཡི་རྣམ་པ་བརྒྱུད་ནས། ལས་བྱེད་པ་དང་། ཏང་ཡོན། སྡོད་དམངས། ལས་རྣམ་གསར་པའི་མི་ཚོགས་བཅས་ཀྱི་གཞི་རིམ་བཅོས་སྐྱོང་ཁྲོད་ཞུགས་པའི་ཧུར་བརྩོན་རང་བཞིན་སྐུལ་སློང་ནུས་ལྡན་བྱས་ནས། གཞི་རིམ་བཅོས་སྐྱོང་དེ“ཕྱོགས་སྣ་གཅིག་གི་དོ་དམ”ནས“དམངས་ཡོངས་ཀྱིས་མཉམ་སྐྲུན་བྱེད་པའི”ཕྱོགས་སུ་འགྱུར་བར་སྐུལ་འདེད་བཏང་།
གཞུག་ཕྱོགས། རྫོང་ཏང་ཨུའི་སྤྱི་ཚོགས་ལས་དོན་པུའུ་ཡིས་སྡོད་ཁུལ་ལ་མཛུབ་སྟོན་བྱས་ནས་རྒྱུན་རྣམ་ཅན་གྱི་ཚད་ལྡན་ཚོང་གཉེར་ལག་བསྟར་བྱེད་པ་དང་། བསགས་སྐར་སྒྲིག་སྲོལ་དང་ཞབས་ཞུའི་ནང་རྐྱེན་མུ་མཐུད་དུ་ལེགས་སྒྱུར་བྱས་ནས། བསགས་སྐར་ལ་བརྟེན་ནས་མཉམ་ཤུགས་གཅིག་ཏུ་བསྒྲིལ་བ་དང་། སྐུལ་ལྕག་ལ་བརྟེན་ནས་དཔལ་ཡོན་ལ་བསྐུལ་ཏེ། གཞི་རིམ་བཅོས་སྐྱོང་གི་ནུས་ཕྱོད་རྒྱུན་ཆད་མེད་པར་མཐོར་འདེགས་དང་མང་ཚོགས་ཀྱི་སྐྱིད་སྣང་ཇེ་ཆེར་གཏོང་རྒྱུ་རེད། །